ཨ་ལ་ལ་མོ་ཨ་ལ་ལེན།། ཐ་ལ་ལ་མོ་ཐ་ལ་ལེན།། ས་འདི་འདྲ་འགོག་ཡུལ་ཕྱུག་མོ་ལ།། གླིང་ལྷ་དམག་བསམ་དོན་འགྲུབ་ས་རེད།། ང་འདྲ་ང་ངོ་མ་ཤེས་ན།། དར་ཡུལ་གཡང་གི་ར་བ་ནས།། ཤར་རྨ་ཆེན་སྦོམ་རའི་འཕྲུལ་གྱི་སྲས།། དཔའ་ལྷ་མི་སྤྱང་དཀར་པོ་ཡིན།། དེ་རིང་ཉིན་མ་བཟང་བོ་ལ།། ས྄ོད་བཅུད་རྟེན་འབྲེལ་ཕུན་སུམ་ཚོགས།། ཐབས་ཤེས་བསང་གི་རྫས་ཀྱིས་བསྐང།། དྲི་ཞིམ་དགོས་འདོད་མཆོོད་པས་གཏམས།། དུ་བ་ལྷོ་སྤྲིན་གཏིབས་འདྲ་ལགས།། འགོ་ཞིང་གདོང་གྲོགས་བྱེད་པ་དང།། ལས་སྨོན་རྨུ་ཐག་འཐེན་པ་ཡི།། དཀར་ཕྱོགས་སྐྱོང་བའི་དགྲ་ལྷ་དང།། ཁྱད་པར་མཐོང་སྨོན་གླིང་དཀར་གྱི།། ཁ་རྗེ་རླུང་རྟའི་དཔལ་འཛིན་པའི།། ཆོས་སྐྱོང་སྲུང་མ་ནུས་མཐུ་ཅན།། བདུད་རྩི་བསང་ལ་དགྱེས་པར་རོལ།། གླིང་དམག་བསམ་དོན་འགྲུབ་པ་དང།། མི་རྟ་ཆག་རལ་མེད་པ་དང།། དགོས་འདོད་ནོར་བུའི་དཔོང་དང་སྤྲོད།། ས་གླིང་ཡུལ་མཐོང་སྨོན་དག་པའི་ཞིང།། ལས་བསོད་ནམས་པདྨ་བཞད་པའི་ཞིང།། མགོན་པད་འབྱུང་མཚན་དཔའི་གཟི་འོད་རྒྱས།། གངས་དཀར་བོའི་རླུང་རྟ་གྱེན་ལ་འཐེན།། དགྲ་མ་རུང་མུན་པ་མར་ལ་སྐྲོད།། བོད་སྤྱི་བའི་བསོད་ནམས་རྒྱས་པར་མཛོད།།
Commenter cet article