Sakadawa in Labrang. བླ་བྲང་དུ་ལོ་རེར་དེ་རིང་གི་ཉིན་འདིར་མང་ཚོགས་ལ་འདི་ལྟར་ནང་ཆོས་ངོ་སྤྲོད་བྱེད་གྱིན་ཡོད་རབས་བཤད།
༼ཆོས་ཀྱིས་ཕྱུག་པའི་བཀྲ་ཤིས་འཁྱིལ༽ ལོ་རེ་རེའི་ས་ག་ཟླ་བ་ནམ་འཆར་ལ། བླ་བྲང་དུ་གཉུག་མར་གནས་པའི་ཉེ་འདབས་ཀྱི་ལྷ་སྡེ་མི་སྡེ་དང་། ཆེད་དམིགས་ཕྱག་སྐོར་གནས་མཇལ་བྱེད་མཁན་གྱི་ཕྱོགས་ཕེབས་དད་ལྡན་ཕོན་ཆེར་འདུ་འཛོམ་བྱུང་བ་དང་ལྷན། རྒྱ་མི་གཙོ་བོར་གྱུར་བའི་གྲོང་གསེབ་ཀྱི་དབུལ་ཕོངས་སློང་མོ་བ་བརྒྱ་ཕྲག་ཁ་ཤས་ཀྱང་དགོན་པའི་གླིང་སྐོར་ལམ་ན་གཏོང་ཕོད་ཆེ་བའི་སྦྱིན་བདག་ཚོའི་སྔུན་ན་ཕྲེང་བསྒྲིགས་ནས་ཡོད། ཉིན་འདི་དག་ལ་དམར་ཟས་དང་སྒོག་བཙོང་སྤང་ཞིང་དགོན་པར་ཕྱག་སྐོར་མཆོད་མཇལ་དང་། སྨྱུང་གནས་ལ་གནས་བཞིན་པའི་ངང་ནས་མ་ཎིའི་འགུར་དབྱངས་འཐེན་མཁན་གྱི་དད་ལྡན་ཕོ་མོ་རྒན་གཞོན་མང་བོ་གླིང་སྐོར་དང་རྩེ་སྐོར། མཚན་སྐོར་སོགས་ལ་བརྩོན་མུར་ཉིན་མཚན་གཉིས་ཀར་སྒར་མཐའ་ན་སྐོར་རྒྱགས་པ་མཚམས་མི་ཆད་པའི་གནས་སུ་མཆིས། ལྷག་པར་ཚེས་བཅུ་བཞི་དང་བཅོ་ལྔའི་ཉིན་གཉིས་ལ་ལྷ་སྡེ་གོང་འགབ་ཀྱི་དད་ལྡན་མང་ཚོགས་ཀྱིས་ནམ་མ་ལངས་གོང་ནས་ལྷ་ཁང་འདུ་ཁང་སོ་སོར་མཆོད་མཇལ་དང་། མགོན་ཁང་དང་བཙན་ཁང་ཁག་ལ་བསང་གསོལ་འཕྲིན་བཅོལ་སོགས་ནང་མཇལ་ཞིབ་རྒྱས་གྲུབ་མཐར། སྨྱུང་གནས་པ་ཚོ་དང་ལྷན་ཉིན་ཧྲིལ་བོར་མ་ཎི་འགུར་དབྱངས་འཐེན་བཞིན་དགོན་པར་གླིང་སྐོར་དུ་འགྲོ་བའི་དགེ་སྦྱོར་གྱི་སྲོལ་རྒྱུན་གནའ་ནས་མ་ཉམས་པར་གནས་ཡོད། དེ་མཚུངས་དགོན་པའི་ནང་ནས་བཀའ་རམས་དགེ་སློང་དང་རྡོ་རམས་པ་རིས་མེད་ཚགས་བཙུགས་ཏེ་སྐོར་ལམ་དུ་མདོ་མཛངས་བླུན་སོགས་ཀྱི་གསུང་བཤད། མ་ཎི་དང་སྨྱུང་གནས་ཀྱི་ཕན་ཡོན་ངོ་སྤྲོད། རྗེ་ཡབ་སྲས་དང་ཀུན་མཁྱེན་ཡབ་སྲས་ཀྱི་རྣམ་ཐར་སོགས་རྣམ་དཀར་དགེ་སྦྱོར་གྱི་ལེགས་ལམ་དུ་འཁྲིད་པའི་ཆོས་བཤད་སྣ་ཚོགས་དང་། ཕ་མའི་དྲིན་གཟོ། རྒན་བཀུར་གཞོན་བྱམས། རྒྱན་འཛུགས་དུ་ཆང་གི་ཉེས་དམིགས་དང་། རྐུན་འཕྲོག་ནང་དམེ་མི་བྱེད་པར་མི་རིགས་མཐུན་སྒྲིལ་བྱེད་རྒྱུ་སོགས་དུས་དང་མཐུན་པའི་ལུགས་ཟུང་བསླབ་བྱ་གང་ལ་གང་འཚམ་དང་། སྐྱ་སེར་གྱི་ཁྲོམ་ལ་མ་ཎི་སྐུལ་བའི་སྲོལ་རྒྱུན་རྨད་དུ་བྱུང་བ་ཡོད་ལ། དེ་ལ་བླ་མ་མ་ཎི་བ་ཞུ་ཞིང་སྐྱབས་མཆོག་འཇིགས་མེད་དབང་བོའི་སྐུ་དུས་ནས་ཆེ་ཆེར་དར་བ་ཞིག་རེད་འདུག
Commenter cet article