Google+
Overblog Tous les blogs Top blogs Politique Tous les blogs Politique
Editer l'article Suivre ce blog Administration + Créer mon blog
MENU
King Gesar of Ling

King Gesar of Ling with English subtitles: https://www.youtube.com/user/Linglhamo

The mantra Om mani padme hum is so profound that...

Publié le 1 Septembre 2013 par Ling Lhamo

The mantra Om mani padme hum is so profound that...

The mantra Om mani padme hum is so profound that it takes many days to explain it. Here are some of those profound explanations in Tibetan. ༄༅། ། བཀའ་གདམས་གླེགས་བམ་ལས། ཀྱཻ་གངས་རིའི་མགོན་པོ་སྤྱན་རས་ གཟིགས། ། གནས་དེ་ན་ཁྱེད་ཀྱི་ཞིང་ཁམས་ཡོད།། ཞིང་དེ་ན་ཁྱེད་ཀྱི་གདུལ་བྱ་ཡོད།། ཅེས་ལུང་བསྟན་པ་བཞིན་གངས་ཅན་བོད་ཁ་བ་ཅན་གྱི་ཡུལ་དུ་འདས་ པའི་སངས་རྒྱས་རྣམས་ཀྱིས་ཆོས་འཁོར་མ་བསྐོར་ཀྱང་། སྟོན་པ་འོད་མའི་ཚལ་དུ་བཞུགས་པའི་ཚེ།བྱང་སེམས་སྒྲིབ་པ་རྣམ་སེལ་ལ་དུས་གསུམ་རྒྱལ་བའི་གདུལ་བྱར་མ་གྱུར་པ་འདྲེ་སྲིན་གདུག་པ་ཅན་དུ་མས་གང་བའི་ཁ་བ་ཅན་གྱི་རྒྱལ་ཁམས་དེར། མ་འོངས་པ་ན་རྒྱལ་བའི་བསྟན་པ་རྒྱས་ཤིང་།
མགོན་པོ་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཁོ་ན་ཡིན་ཞེས་ལུང་བསྟན་པ་བཞིན་འཕགས་པ་སྤྱན་རས་གཟིགས་ཀྱིས་སྔོན་སངས་རྒྱས་དུ་མའི་སྤྱན་སྔར་གདུལ་བར་དཀའ་བའི་ཁ་བ་ཅན་གྱི་སེམས་ཅན་རྣམས་གང་ལ་གང་འདུལ་གྱི་ཐབས་མཐའ་ཡས་པས་སེམས་ཅན་དེ་ཀུན་སྨིན་ཅུང་གྲོལ་བར་བྱེད་ནུས་པ་དང་། སེམས་ཅན་དེ་རྣམས་ཀྱང་དཀོན་མཆོག་ལ་སྐྱབས་སུ་འགྲོ་ཞིང་དམ་པའི་ཆོས་ལ་ཚུལ་བཞིན་དུ་སྤྱོད་པར་སྨོན་ལམ་བཏབ་པའི་མཐུ་ལས་བོད་ཀྱི་འགྲོ་བ་རྣམས་སྤྱན་རས་གཟིགས་ཀྱི་ཐུན་མོང་མ་ཡིན་པའི་གདུལ་བྱར་གྱུར་པ་ཡིན། འཕགས་པ་སྤྱན་རས་གཟིགས་ནི་ངེས་པའི་དོན་དུ་བསྐལ་པ་གྲངས་མེད་པའི་སྔོན་ནས་བདེ་བར་གཤེགས་པ་འོད་ཟེར་ཀུན་འཕགས་དཔལ་བརྩེགས་རྒྱལ་པོའི་ངོ་བོར་སངས་རྒྱས་ཟིན་ནའང་། འགྲོ་བ་རྣམས་གཞར་ཡང་མི་འདོར་བའི་བརྩེ་ཆེན་སྙིང་རྗེ་ཆེན་པོས་རང་བདེ་དོན་གཉེར་གྱི་ཞི་བའི་མཐའ་སྤངས་ཏེ་རིགས་དྲུག་གི་གནས་སུ་གང་ལ་ གང་འདུལ་གྱི་སྤྲུལ་པའི་བཀོད་པ་མཐའ་ཡས་པར་སྟོན་པ་སོགས་ཐབས་མཁས་ཀྱི་མཛད་པ་སྣ་ཚོགས་པའི་སྒོ་ནས་ཡིད་བཞིན་གྱི་ནོར་བུ་ལྟར་འགྲོ་བའི་རྒུད་པ་མཐའ་དག་སེལ་ཞིང་། གནས་སྐབས་དང་མཐར་ཐུག་གི་ཕན་བདེ་མ་ལུས་པ་སྩོལ་བར་མཛད་པའི་བརྡར་ཕྱག་གཉིས་ཐལ་མོ་སྦྱར་བའི་བར་དུ་ནོར་བུ་འཛིན་པས་འཕགས་པ་སྤྱན་རས་ གཟིགས་ལ་མཚན་དེ་ལྟར་ཐོགས་པ་ཡིན།
ཇི་སྐད་དུ།དེ་ཡང་བྷང་ག་ལ་དང་ཨོ་རྒྱན་གྱི།ཡུལ་སོགས་འཕགས་ཡུལ་གསལ་བྱེད་སོ་དྲུག་དང་། ། གངས་ཅན་ཆོས་རྒྱལ་བཅུ་དང་པཎ་གྲུབ་བདུན། ། ངུར་སྨྲིག་འཆང་བ་རྣམས་ལ་གསོལ་བ་འདེབས།། ཞེས་གསུངས་བ་ལྟར། འཕགས་པ་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་གི་རྣམ་སྤྲུལ། རྒྱ་གར་ འཕགས་པའི་ཡུལ་དུ་བྲམ་ཟེའི་ཁྱེའུ་སྣང་བ་སོགས་བསྟན་འགྲོའི་གསལ་བྱེད་ཆེན་པོ་སོ་དྲུག་དང་། བྱེ་བྲག་བོད་གངས་ཅན་གྱི་ལྗོངས་སུ།ཐོག་མར་སྣོད་བཅུད་བྱིན་གྱིས་རློབ་པའི་ཕྱིར་མཚོ་བྲི་བ་དང་བར་དུ་བྱང་ཆུབ་སེམས་དཔའ་སྤྲེའུའི་རྣམ་པས་མིའི་འགྲོ་བ་སྤེལ་བ།མཐའ་མར་གང་ལ་གང་འདུལ་གྱི་སྤྲུལ་སྒྱུར་སྣ་ཚོགས་པས་གངས་ཅན་སྐྱེ་འགྲོ་མ་ལུས་སྨིན་གྲོལ་གྱི་ལམ་བཟང་པོར་བཀོད་དང་འགོད་པར་མཛད་པའི་སླད་དུ། བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ལ་སོགས་པའི་ཆོས་རྒྱལ་བཅུ་དང་།འབྲོམ་སྟོན་ཆོས་ཀྱི་རྒྱལ་པོ་ལ་སོགས་པའི་པཎ་གྲུབ་བདུན།ཕྱག་ན་པདྨོ་༧རྒྱལ་མཆོག་དགེ་འདུན་གྲུབ་པ་ནས་བཟུང་སྡོམ་བརྩོན་ངུར་སྨིག་འཆང་བའི་སྐུའི་ཕྲེང་བ་རིམ་པར་ བྱོན་པ་རྣམས་ཀྱིས་བོད་གངས་ཅན་གྱི་ལྗོངས་སུ་ཆོས་སྲིད་ལུགས་གཉིས་ཀྱི་སྣང་བས་ཁྱབ་པར་མཛད་དེ་བདེ་བར་བསྐྱངས༎
༄༅། ། ཡི་གེ་དྲུག་མའི་དོན།
ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པའི་ཡི་གེ་དྲུག་མ་འདི་ནི། རྒྱལ་ཀུན་སྙིང་རྗེའི་ རང་གཟུགས་འཕགས་པ་སྤྱན་རས་གཟིགས་ཀྱི་མཚན་སྔགས་ཡིན། ཆོས་ཀྱི་ སྙིང་བོ་མ་ཎི་ཡི་གེ་དྲུག་པ་འདི་ཉིད་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་སྙིང་བོ་གཅིག་ཏུ་བསྡུས་པ། བདེ་བར་གཤེགས་པ་རིགས་ལྔ་དང་། གསང་སྔགས་རྒྱུད་སྡེ་ཀུན་གྱི་ཡང་ སྙིང་། ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་དང་དངོས་ གྲུབ་ཀྱི་རྩ་བ་ཡིན་ཞིང་།
དེ་ཡང་། ཨོཾ་ནི་སྔགས་ཀྱི་མགོ་འདྲེན། མ་ཎི་ནི་ནོར་བུ། པདྨེ་ནི་མེ་ཏོག་ པདྨ། ཧཱུྃ་ནི་ཐུགས་རྡོ་རྗེའི་ས་བོན་ཏེ། བདག་རྗེས་སུ་ཟུངས་ཤིག་ཅེས་སྐུལ་བར་བྱེད་པའི་ ཚིག་ཡིན། དོན་དུ་ནོར་བུ་པདྨའམ་པདྨ་ནོར་བུ་འཛིན་པས་བདག་ལ་སྐྱོབས་ཞེས་ཟེར་ བ་ཡིན། དེ་ཡང་འཕགས་པ་སྤྱན་རས་གཟིགས་ཀྱི་ཕྱག་གཡས་པ་ལ་ནོར་བུ་དང་། གཡོན་པ་ལ་པདྨ་བསྣམས་ཡོད་པས་ནོར་བུ་པདྨ་འཛིན་པ་ཞེས་ཞུ་བ་ཡིན། གང་ལྟར་ ཀྱཻ་ནོར་བུ་པདྨ་བསྣམས་པའི་སྤྱན་རས་གཟིགས།བདག་སོགས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བྱམས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་སྐུལ་བ་ཡིན༎
༄༅། ། ཡི་གེ་དྲུག་མའི་ཕན་ཡོན།
གཟུངས་སྔགས་ཡི་གེ་དྲུག་མ་ཚུལ་བཞིན་དུ་འདོན་ན་ཕན་ཡོན་ཚད་མེད་པ་ཡོད་པ་མ་ཎི་བཀའ་འབུམ་སོགས་སུ་གསུངས། མདོར་བསྡུས་པ་ཆོས་རྒྱལ་སྲོང་བཙན ་སྒམ་པོསགསུངས་པ་ནི་གཤམ་གསལ་ལྟར་ཡིན།
དེ་ཡང་ཆོས་སྐྱོང་བའི་སྲོང་བཙན་སྒམ་པོས་ཡི་གེ་དྲུག་མའི་རིག་སྔགས་འདི་བཟླ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཆོས་རྣམས་རྫོགས་པར་འགྱུར་ཏེ།
༡ ཨོཾ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཆོས་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ། །
༢ མས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ། །
༣ ཎིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ཆོས་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ། །
༤ པད་ཀྱིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ། །
༥ མེས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ། །
༦ ཧཱུྃ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་རྣམས་ཡོངས་སུ་རྫོགས་པར་འགྱུར།
ཡི་གེ་དྲུག་པའི་རིག་སྔགས་འདི་བཟླས་པས་དངོས་གྲུབ་དྲུག་འཐོབ་པར་འགྱུར་རོ། །
༡ ཨོཾ་གྱིས་མཆོག་གི་དངོས་གྲུབ།
༢ མས་ཐུན་མོང་གི་དངོས་གྲུབ།
༣ ཎིས་ནད་གདོན་ཞི་བའི་དངོས་གྲུབ།
༤ པད་ཀྱིས་ཚེ་དང་བསོད་ནམས་རྒྱས་པའི་དངོས་གྲུབ།
༥ མེས་མི་ནོར་ཟས་གསུམ་དབང་དུ་འདུ་བའི་དངོས་གྲུབ།
༦ ཧཱུྃ་གྱིས་དགྲ་བགེགས་གནོད་བྱེད་ཚར་གཅོད་པའི་དངོས་གྲུབ་འཐོབ་ པར་འགྱུར་རོ། །
ཡི་གེ་དྲུག་པ་འདི་བཟླས་པས་རྩ་བའི་ཉོན་མོངས་པ་དྲུག་དག་པར་འགྱུར་རོ། །
༡ ཨོཾ་གྱིས་ཉོན་མོངས་པ་གཏི་མུག
༢ མས་ཞེ་སྡང་།
༣ ཎིས་སེར་སྣ།
༤ པད་ཀྱིས་འདོད་ཆགས།
༥ མེས་ཕྲག་དོག
༦ ཧཱུྃ་གྱིས་ང་རྒྱལ་གྱི་སྒྲིབ་པ་དག་པར་འགྱུར་རོ། །
༄༅། ། ཡོན་ཏན་དྲུག་འཐོབ་པ་ནི།
༡ ཨོཾ་གྱིས་སྤྱན་རས་གཟིགས་ཀྱི་སྐུ།
༢ མས་སྤྱན་རས་གཟིགས་ཀྱི་གསུང་།
༣ ཎིས་སྤྱན་རས་གཟིགས་ཀྱི་ཐུགས།
༤ པད་ཀྱིས་སྤྱན་རས་གཟིགས་ཀྱི་ཡོན་ཏན།
༥ མེས་སྤྱན་རས་གཟིགས་ཀྱི་འཕྲིན་ལས།
༦ ཧཱུྃ་གྱིས་སྤྱན་རས་གཟིགས་ཀྱི་མཛད་པ་འཐོབ་པར་འགྱུར་རོ། །
དེ་བཞིན་དུ།
༡ ཨོཾ་གྱིས་ཚོགས་ལམ་གྱི་ཡོན་ཏན།
༢ མས་སྦྱོར་ལམ་གྱི་ཡོན་ཏན།
༣ ཎིས་མཐོང་ལམ་གྱི་ཡོན་ཏན།
༤ པད་ཀྱིས་སྒོམ་ལམ་གྱི་ཡོན་ཏན།
༥ མེས་མི་སློབ་ལམ་གྱི་ཡོན་ཏན།
༦ ཧཱུྃ་གྱིས་རྣམ་པ་ཐམས་ཅད་མཁྱེན་པའི་ཡོན་ཏན་འཐོབ་པར་འགྱུར་ རོ། །
དེ་ལྟར་ཡི་གེ་དྲུག་པའི་རིག་སྔགས་བཟླས་པའི་ཚེ་འཕོས་མ་ཐག་ཏུ་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཞིང་།སྤྱན་རས་གཟིགས་སངས་རྒྱས་འོད་ཟེར་ཀུན་ནས་འཕགས་པ་དཔལ་བརྩེགས་ཀྱི་རྒྱལ་པོ་ཞེས་བྱ་བར་གྱུར་བའི་འཁོར་གྱི་པདྨ་ལས་རྫུས་ཏེ་སྐྱེ་ཞིང་ཕྱིར་མི་ལྡོག་པའི་ས་འཐོབ་པར་འགྱུར་རོ། །ཞེས་གསུངས་པ་ལྟར།རང་སེམས་གཞན་དུ་མ་གཡེངས་པར་འཕགས་པ་ཐུགས་རྗེ་ཆེན་པོ་ལ་བློ་གཏད་དེ་སྙིང་ཁོང་རུས་པའི་གཏིང་ན ས་ཡིག་དྲུག་བཏོན་ན་གོང་དུ་བཤད་པའི་ཕན་ཡོན་ཏན་ཏན་འབྱུང་ལ།སེམས་གཞན་དུ་གཡེངས་ཏེ་ཡིག་དྲུག་ག་ཚད་བཏོན་ཀྱང་བཏོན་པའི་ཕན་ཡོན་ཙམ་མ་གཏོགས་གོང་གི་ཡོན་ཏན་རྣམས་འཐོབ་མི་ཐུབ་པས་སེམས་གཞན་དུ་མི་གཡེངས་པའི་ཐབས་ལ་འབད་དགོས་སོ། །

Publicité
Commenter cet article