མདོ་སྨད་བླ་བྲང་བསང་ཆུ་རྫོང་ནས་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་གནང་འདུག
གཟའ་མིག་དམར།, 26 /03/ 2013 10:49 རྩོམ་སྒྲིག་པ།
ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༥ རེས་གཟའ་ཟླ་བའི་ཉིན་གྱི་ཞོགས་པར་བོད་མདོ་སྨད་བླ་བྲང་བསང་ཆུ་རྫོང་ཁོངས་ནས་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་བྱུང་ལ་ངོ་རྒོལ་གནང་སྟེ་སྐུ་གྲོངས་ཡོད་པའི་ཛ་དྲག་གི་གནས་ཚུལ་ཐོན་འདུག
དེ་ཡང་རྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་གྱི་ཞོགས་པར་མདོ་སྨད་བླ་བྲང་བསང་ཆུ་རྫོང་སྐྱིད་ཚང་དམེ་ཤུལ་ཡུལ་ཚོའི་ཁོངས་གཏོགས་བོད་མི་ལྷ་མོ་སྐྱབས་ཞུ་བ་ཞིག་གིས་ཁོ་རང་གིས་སྡོད་གནས་ནས་ཤིང་ཆ་སྤུངས་ཏེ་དེ་ཁྲོད་དུ་རང་ཉིད་མེར་བསྲེགས་གནང་ནང་སྐུ་གྲོངས་ཡོད་འདུག
ས་གནས་ཡུལ་མི་ཚོས་ཚོད་དཔག་བྱས་པ་ལྟར་ན་ཕྱི་ཚེས་ ༢༥ ཉིན་གྱི་ཞོགས་པར་ཁོང་གིས་ཤིང་ཆ་མང་པོ་སྤུངས་བ་དང་། དེའི་སྟེང་དུ་ས་སྣུམ་བླུགས་ནས་མེར་བསྲེགས་པ་ཡིན་ཚུལ་བརྗོད་བཞིན་ཡོད་འདུག་ལ། ས་གནས་ཡུལ་མི་ཚོས་གནས་ཚུལ་བྱུང་བ་མཐོང་དུས་ཁོང་གི་ཕུང་པོ་ཚང་མ་ཚིགས་ཏེ་མགོ་བོ་གཅིག་པུ་མ་གཏོགས་གཞན་ཅི་ཡང་ལྷག་མི་འདུག་ཟེར།
དེ་ལྟ་བུའི་གནས་ཚུལ་བྱུང་བ་ཤེས་མ་ཐག་ས་གནས་སྲིད་གཞུང་གི་མི་སྣ་དང་ཉེན་རྟོག་པ། དམག་མི་བཅས་ཡུལ་དངོས་སུ་འབྱོར་ནས། ས་གནས་ཡུལ་མི་ཚོ་ཁོང་གི་སྐུ་ལུས་མེར་བསྲེགས་གནང་སར་ཡོང་བར་བཀག་འགོག་དང་། དེ་བཞིན་དུ་ཡར་མར་འགྲོ་སྐྱོད་ལ་བཀག་སྡོམ་ནན་ཆེན་པོ་བྱེད་བཞིན་ཡོད་འདུག
རྒྱལ་གཅེས་དཔའ་བོ་ལྷ་མོ་སྐྱབས་ལགས་ནི་ད་སྐབས་རང་ལོ་ ༤༣ ཡིན་པ་དང་། ཁོང་གི་ཕ་ཡུལ་བོད་མདོ་སྨད་ཀན་ལྷོ་ཁུལ་བླ་བྲང་བསང་ཆུ་རྫོང་དམེ་ཤུལ་ཡུལ་ཚོའི་མཁར་དམར་ཤུལ་སྡེ་བ་ནས་ཡིན་འདུག ཁོང་གིས་ལོ་དུ་མའི་ཡར་སྔོན་ནས་བཟུང་ནགས་སྲུང་བའི་ལས་ཀ་བྱས་ཏེ། ཀླུ་ཤོད་ཡུལ་ཚོའི་ནན་པན་སྡེ་བའི་མདུན་གྱི་ནགས་ཚལ་ཆེན་པོ་ཞིག་ཡོད་པ་དེའི་ཉེ་འདབས་སུ་འཚོ་སྡོད་བྱས་ཡོད་འདུག
Commenter cet article